འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ། diamond Sutra


The font used is Monlam uniOuchen( tibetan )The full text is written here, free to copy. Pray for world peace

༄༅།  །རྒྱ་གར་སྐད་དུ།  ཨཱརྱ་བཛྲ་ཙྪེད་ཀ་པྲཛྙཱ་པཱ་ར་མི་ཏ་ནཱམ་མཧཱ་ཡ་ན་སཱུ་ཏྲ།

བོད་སྐད་དུ།  འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་

ཐེག་པ་ཆེན་པོའི་མདོ།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།

འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།

བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་

དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐབས་དང་ཆོས་གོས་སྐུ་ལ་གསོལ་ཏེ།

ལྷུང་བཟེད་བསྣམས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་གཤེགས་སོ།

དེ་ནས་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས་ཞལ་ཟས་གསོལ་ཏེ་ཟས་ཀྱི་བྱ་བ་མཛད་ནས་ཟས་ཕྱི་མའི་བསོད་སྙོམས་སྤངས་ནས། ལྷུང་བཟེད་དང་ཆོས་གོས་བཞག་ནས་ཞལ་བསིལ་ཏེ་གདན་བཤམས་པ་ལ་

སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་བསྲང་སྟེ་དྲན་པ་མངོན་དུ་བཞག་ནས་བཞུགས་སོ།

དེ་ནས་དགེ་སློང་མང་པོས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས།

བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།

ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།

ཡང་དེའི་ཚེ་ཚེ་དང་ལྡན་པ་རབ་འབྱོར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ དེ་ནས་ཚེ་དང་ལྡན་པ་རབ་འབྱོར་སྟན་ལས་ལངས་ཏེ།

བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།

བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་

ཕན་གདགས་པའི་དམ་པ་ཇི་སྙེད་པས་ཕན་བཏགས་པ་དང༌།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་

ཡོངས་སུ་གཏད་པའི་དམ་པ་ཇི་སྙེད་པས་ཡོངས་སུ་གཏད་པ་ནི།

བཅོམ་ལྡན་འདས་ངོ་མཚར་ལགས་སོ།  བདེ་བར་གཤེགས་པ་ངོ་མཚར་ལགས་སོ།

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་

ཇི་ལྟར་གནས་པར་བགྱི།  ཇི་ལྟར་བསྒྲུབ་པར་བགྱི།  ཇི་ལྟར་སེམས་རབ་ཏུ་གཟུང་བར་བགྱི། དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།

རབ་འབྱོར་ལེགས་སོ་ལེགས་སོ།  རབ་འབྱོར་དེ་དེ་བཞིན་ནོ།

དེ་དེ་བཞིན་ཏེ།  དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྣམས་ལ་ཕན་གདགས་པའི་དམ་པས་ཕན་བཏགས་སོ།

དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་

ཡོངས་སུ་གཏད་པའི་དམ་པས་ཡོངས་སུ་གཏད་དོ།

རབ་འབྱོར་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བྱ་བ་དང༌།

ཇི་ལྟར་བསྒྲུབ་པར་བྱ་བ་དང༌། ཇི་ལྟར་སེམས་རབ་དུ་གཟུང་བར་བྱ་བ་ངས་ཁྱོད་ལ་བཤད་དོ།

བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་གསོལ་ནས།

ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང༌།

བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།

རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་འདི་སྙམ་དུ།

བདག་གིས་ཇི་ཙམ་སེམས་ཅན་ཇི་ཙམ་སེམས་ཅན་དུ་བསྡུ་བས་བསྡུས་པ།

སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། བརྫུས་ཏེ་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ནམ། སེམས་ཅན་གྱི་ཁམས་ཇི་ཙམ་སེམས་ཅན་དུ་གདགས་པས་

བརྟགས་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་

ཡོངས་སུ་མྱ་ངན་ལས་བཟླའོ།

དེ་ལྟར་སེམས་ཅན་ཚད་མེད་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་གང་ཡང་

ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མེད་དོ་སྙམ་དུ་སེམས་བསྐྱེད་པར་བྱའོ།

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་

འཇུག་ན། དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བའི་ཕྱིར་རོ།

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་སེམས་ཅན་དུ་འདུ་ཤེས་འཇུག་གམ། སྲོག་ཏུ་འདུ་ཤེས་འཇུག་གམ། གང་ཟག་ཏུ་འདུ་ཤེས་འཇུག་ན་

དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བའི་ཕྱིར་རོ།

ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་དངོས་པོ་ལ་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ།

ཅི་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ།

གཟུགས་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ།

དེ་བཞིན་དུ་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ལ་ཡང་

མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ།  རབ་འབྱོར་ཅི་ནས་ཀྱང་མཚན་མར་འདུ་ཤེས་པ་ལ་ཡང་མི་གནས་པར་

དེ་ལྟར་བྱང་ཆུབ་སེམས་དཔས་སྦྱིན་པ་སྦྱིན་ནོ།

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་མི་གནས་པར་སྦྱིན་པ་སྦྱིན་པ་

དེའི་བསོད་ནམས་ཀྱི་ཕུང་པོ་ནི། རབ་འབྱོར་ཚད་གཟུང་བར་སླ་བ་མ་ཡིན་པའི་ཕྱིར་རོ།

རབ་འབྱོར་འདི་ཇི་སྙམ་དུ་སེམས། ཤར་ཕྱོགས་ཀྱི་ནམ་མཁའི་ཚད་གཟུང་བར་སླ་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། སྟེང་དང༌། འོག་གི་ཕྱོགས་དང༌། ཕྱོགས་མཚམས་དང༌། ཕྱོགས་བཅུའི་ནམ་མཁའི་ཚད་གཟུང་བར་སླ་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་པ་

དེའི་བསོད་ནམས་ཀྱི་ཕུང་པོ་ནི། རབ་འབྱོར་ཚད་གཟུང་བར་སླ་བ་མ་ཡིན་པའི་ཕྱིར་རོ།

རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་བྱ་སྙམ་མམ།

རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་མི་བགྱི་ལགས་སོ།

དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་མཚན་ཕུན་སུམ་ཚོགས་པ་ཞེས་གང་གསུངས་པ་

དེ་ཉིད་མཚན་ཕུན་སུམ་ཚོགས་པ་མ་མཆིས་པའི་སླད་དུའོ།

དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་

འདི་སྐད་ཅེས་བཀའ་སྩལ་ཏོ།

རབ་འབྱོར་ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ།

ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་མེད་པ་དེ་ཙམ་དུ་མི་བརྫུན་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་མཚན་དང་མཚན་མ་མེད་པར་བལྟའོ།

དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།

བཅོམ་ལྡན་འདས་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་

དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན།

སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་དག་ལ་ ཡང་དག་པར་འདུ་ཤེས་བསྐྱེད་པར་འགྱུར་བ་འབྱུང་བ་ལྟ་མཆིས་ལགས་སམ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ཁྱོད་འདི་སྐད་དུ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་

དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན། སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་དག་ལ་

ཡང་དག་པར་འདུ་ཤེས་བསྐྱེད་པར་འགྱུར་བ་འབྱུང་བ་ལྟ་མཆིས་ལགས་སམ་ཞེས་

ཁྱོད་དེ་སྐད་མ་ཟེར་ཅིག

རབ་འབྱོར་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ།

དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ།

ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་དག་འབྱུང་སྟེ། རབ་འབྱོར།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སངས་རྒྱས་གཅིག་ལ་

བསྙེན་བཀུར་བྱས་པ་མ་ཡིན། སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་གྱི། རབ་འབྱོར་སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེན་བཀུར་བྱས་ཤིང༌།

སངས་རྒྱས་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་དག་བསྐྱེད་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་དག་འབྱུང་ངོ། རབ་འབྱོར། གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་དག་ལ་སེམས་དད་པ་གཅིག་ཙམ་

རྙེད་པར་འགྱུར་བ་དེ་དག་ནི། དེ་བཞིན་གཤེགས་པས་མཁྱེན་ཏོ།

རབ་འབྱོར། དེ་དག་ནི་དེ་བཞིན་གཤེགས་པས་གཟིགས་ཏེ།

རབ་འབྱོར། སེམས་ཅན་དེ་དག་ཐམས་ཅད་ནི། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་ཅིང་ཡོངས་སུ་བསྡུས་པར་འགྱུར་རོ།

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། བདག་ཏུ་འདུ་ཤེས་འཇུག་པར་མི་འགྱུར་ཞིང༌། སེམས་ཅན་དུ་འདུ་ཤེས་པ་མ་ཡིན།

སྲོག་ཏུ་འདུ་ཤེས་པ་མ་ཡིན། གང་ཟག་ཏུ་འདུ་ཤེས་འཇུག་པར་མི་འགྱུར་བའི་ཕྱིར་རོ།

རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་

ཆོས་སུ་འདུ་ཤེས་པ་དང༌། ཆོས་མེད་པར་ཡང་འདུ་ཤེས་མི་འཇུག་སྟེ།

དེ་དག་ནི་འདུ་ཤེས་དང༌འདུ་ཤེས་མེད་པར་ཡང་འདུ་ཤེས་འཇུག་པར་མི་འགྱུར་རོ།

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི།

ཆོས་སུ་འདུ་ཤེས་འཇུག་ན་ཡང་དེ་ཉིད་དེ་དག་གིས་བདག་ཏུ་འཛིན་པར་འགྱུར་ཞིང༌། སེམས་ཅན་དུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པར་འགྱུར་བའི་ཕྱིར་རོ།

གལ་ཏེ་ཆོས་བདག་མེད་པར་འདུ་ཤེས་འཇུག་ན་ཡང་དེ་ཉིད་དེ་དག་གིས་བདག་ཏུ་འཛིན་པར་འགྱུར་ཞིང༌།  སེམས་ཅན་དུ་འཛིན་པ་དང༌།  སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པར་འགྱུར་བའི་ཕྱིར་རོ།  དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར་བྱང་ཆུབ་སེམས་དཔས་ཆོས་ཀྱང་ལོག་པར་གཟུང་བར་མི་བྱ་སྟེ།  ཆོས་མ་ཡིན་པ་ཡང་མི་གཟུང་བའི་ཕྱིར་རོ།

དེ་བས་ན་དེ་ལས་དགོངས་ཏེ་དེ་བཞིན་གཤེགས་པས་ཆོས་ཀྱི་རྣམ་གྲངས་འདི་

གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་རྣམས་ཀྱང་སྤང་བར་བྱ་ན།

ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས་ཞེས་གསུངས་སོ།

གཞན་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་

འདི་སྐད་ཅེས་བཀའ་སྩལ་ཏོ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་

རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ།

དེ་བཞིན་གཤེགས་པས་ཆོས་དེ་གང་ཡང་བསྟན་སྙམ་མམ། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།

བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མ་མཆིས་ལགས་སོ།

དེ་བཞིན་གཤེགས་པས་གང་བསྟན་པའི་ཆོས་དེ་གང་ཡང་མ་མཆིས་ལགས་སོ།

དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་ཆོས་དེ་གང་ཡང་མངོན་པར་རྫོགས་པར་

སངས་རྒྱས་པའམ་བསྟན་པ་དེ་ནི། གཟུང་དུ་མ་མཆིས།  བརྗོད་དུ་མ་མཆིས་ཏེ། དེ་ནི་ཆོས་ཀྱང་མ་ལགས།  ཆོས་མ་མཆིས་པ་ཡང་མ་ལགས་པའི་སླད་དུའོ།

དེ་ཅིའི་སླད་དུ་ཞེ་ན། འཕགས་པའི་གང་ཟག་རྣམས་ནི། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་སླད་དུའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་

རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་

དེ་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་སྙམ་མམ།

རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།

བདེ་བར་གཤེགས་པ་མང་ལགས་སོ།

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་དོ།

དེ་ཅིའི་སླད་དུ་ཞེ་ན།  བསོད་ནམས་ཀྱི་ཕུང་པོ་དེ་ཉིད་ཕུང་པོ་མ་མཆིས་པའི་སླད་དུ་སྟེ།

དེ་བས་ན་དེ་བཞིན་གཤེགས་པས་བསོད་ནམས་ཀྱི་ཕུང་པོ་བསོད་ནམས་ཀྱི་ཕུང་པོ་ཞེས་

གསུངས་སོ།  བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་

ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་

བཟུང་ནས་གཞན་དག་ལ་ཡང་འཆད་ཅིང་ཡང་དག་པར་རབ་ཏུ་སྟོན་ན། གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདི་ལས་བྱུང་སྟེ།

སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་འདི་ལས་སྐྱེས་པའི་ཕྱིར་རོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། སངས་རྒྱས་ཀྱི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེས་ན་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱའོ།  རབ་འབྱོར་འདི་ཇི་སྙམ་དུ་སེམས།

རྒྱུན་དུ་ཞུགས་པ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་

སེམས་སྙམ་མམ།  རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།  དེ་ཅིའི་སླད་དུ་ཞེ་ན།

བཅོམ་ལྡན་འདས་དེ་ནི་ཅི་ལ་ཡང་ཞུགས་པ་མ་མཆིས་པའི་སླད་དུ་སྟེ། དེས་ན་རྒྱུན་དུ་ཞུགས་པ་ཞེས་བགྱིའོ།

གཟུགས་ལ་ཡང་མ་ཞུགས། སྒྲ་ལ་ཡང་མ་ལགས། དྲི་ལ་ཡང་མ་ལགས།  རོ་ལ་ཡང་མ་ལགས། རེག་བྱ་ལ་ཡང་མ་ལགས ། ཆོས་རྣམས་ལ་ཡང་མ་ཞུགས་ཏེ། དེས་ན་རྒྱུན་དུ་ཞུགས་པ་ཞེས་བགྱིའོ།

དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་རྒྱུན་དུ་ཞུགས་པ་འདི་སྙམ་དུ།

བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན། དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་ལགས་སོ།

སེམས་ཅན་དུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པར་འགྱུར་ལགས་སོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས།

ལན་་ཅིག་ཕྱིར་འོང་བ་འདི་སྙམ་དུ། བདག་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་མམ།

རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།  དེ་ཅིའི་སླད་དུ་ཞེ་ན། གང་ལན་ཅིག་ཕྱིར་འོང་བ་ཉིད་དུ་ཞུགས་པའི་ཆོས་དེ་གང་ཡང་མ་མཆིས་པའི་སླད་དུ་སྟེ།

དེས་ན་ལན་ཅིག་ཕྱིར་འོང་བ་ཞེས་བགྱིའོ།

བཅོམ་ལྡན་འདས་གལ་ཏེ་ལན་ཅིག་ཕྱིར་འོང་བ་འདི་སྙམ་དུ་བདག་གིས་

ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན།  དེ་ཉིད་དེའི་དེའི་བདག་ཏུ་འཛིན་པ་ར་འགྱུར་ལགས་སོ།

སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་དང་།  གང་ཟག་ཏུ་འཛིན་པར་འགྱུར་ལགས་སོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས།

ཕྱིར་མི་འོང་བ་འདི་སྙམ་དུ་བདག་གིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་

སྙམ་མམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།

དེ་ཅིའི་སླད་དུ་ཞེ་ན། གང་ཕྱིར་མི་འོང་བ་ཉིད་དུ་ཞུགས་པའི་ཆོས་དེ་གང་ཡང་

མ་མཆིས་པའི་སླད་དུ་སྟེ། དེ་ཅིའི་ཕྱིར་ཕྱིེར་མི་འོང་བ་ཞེས་བགྱིའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས།

དགྲ་བཅོམ་པ་འདི་སྙམ་དུ་བདག་གིས་དགྲ་བཅོམ་པ་ཉིད་ཐོབ་བོ་སྙམ་དུ་སེམས་སྙམ་མམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། དེ་ཅིའི་སླད་དུ་ཞེ་ན།  གང་དག་དགྲ་བཅོམ་པ་ཞེས་བགྱི་བའི་ཆོས་དེ་གང་ཡང་མ་མཆིས་པའི་སླད་དུའོ།

བཅོམ་ལྡན་འདས། གལ་ཏེ་དགྲ་བཅོམ་པ་འདི་སྙམ་དུ། བདག་གིས་དགྲ་བཅོམ་པ་ཉིད་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན། དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་ལགས་སོ།

སེམས་ཅན་དུ་འཛིན་པ་དང༌།  སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པར་འགྱུར་ལགས་སོ།

བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་ཀྱིས་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏེ།

བཅོམ་ལྡན་འདས་བདག་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་ལགས་ཀྱང༌།

བཅོམ་ལྡན་འདས་བདག་འདི་སྙམ་དུ་བདག་ནི་དགྲ་བཅོམ་པའོ་སྙམ་དུ་མི་སེམས་ལགས་སོ།

བཅོམ་ལྡན་འདས། གལ་ཏེ་འདི་སྙམ་དུ་བདག་གིས་དགྲ་བཅོམ་པ་ཉིད་ཐོབ་བོ་སྙམ་དུ་

སེམས་པར་གྱུར་ན། དེ་བཞིན་གཤེགས་པས་བདག་ལ་རིགས་ཀྱི་བུ་རབ་འབྱོར་ནི་

ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཡིན་ཏེ། ཅི་ལ་ཡང་མི་གནས་པས་ན། ཉོན་མོངས་པ་མེད་པར་གནས་པ་ཞེས་ལུང་མི་སྟོན་ལགས་སོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་མར་མེ་མཛད་ལས་གང་བླངས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་མར་མེ་མཛད་ལས་གང་བླངས་པའི་ཆོས་དེ་གང་ཡང་ཡོང་ཡེ་མ་མཆིས་ལགས་སོ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་འདི་སྐད་དུ།

བདག་གིས་ཞིང་བཀོད་པ་རྣམས་བསྒྲུབ་བོ་ཞེས་ཟེར་ན།

དེ་ནི་མི་བདེན་པར་སྨྲ་བའོ།  དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཞིང་བཀོད་པ་རྣམས་ཞིང་བཀོད་པ་རྣམས་ཞེས་བྱ་བ་ནི། བཀོད་པ་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ།

དེས་ན་ཞིང་བཀོད་པ་རྣམས་ཞེས་བྱའོ།  རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་མི་གནས་པར་སེམས་བསྐྱེད་པར་

བྱ་སྟེ།  ཅི་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ།

གཟུགས་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ།

སྒྲ་དང༌།  དྲི་དང༌།  རོ་དང༌།  རེག་བྱ་དང༌།  ཆོས་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ།

རབ་འབྱོར་འདི་ལྟ་སྟེ། དཔེར་ན།  སྐྱེས་བུ་ཞིག་ལུས་འདི་ལྟ་བུར་གྱུར་ཏེ།

འདི་ལྟ་སྟེ།  རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ན།  རབ་འབྱོར་འདི་ཇི་སྙམ་དུ་སེམས། ལུས་དེ་ཆེ་བ་ཡིན་སྙམ་མམ།  རབ་འབྱོར་གྱིས་གསོལ་པ།

བཅོམ་ལྡན་འདས།  ལུས་དེ་ཆེ་བ་ལགས་སོ།

བདེ་བར་གཤེགས་པ། ལུས་དེ་ཆེ་བ་ལགས་སོ།  དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་དེ་དངོས་པོ་མ་མཆིས་པར་གསུངས་པའི་སླད་དུ་སྟེ།

དེས་ན་ལུས་དེ་ཆེ་བ་ཞེས་བགྱིའོ།

དེ་དངོས་པོ་མ་མཆིས་པས་དེས་ན་ལུས་ཞེས་བྱའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་གངྒཱའི་ཀླུང་ཡང་དེ་སྙེད་ཁོ་ནར་གྱུར་ལ། དེ་དག་གི་བྱེ་མ་གང་ཡིན་པ་དེ་དག་མང་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས།  གངྒཱའི་ཀླུང་དེ་དག་ཉིད་ཀྱང་མང་ལགས་ན། དེ་དག་གི་བྱེ་མ་ལྟ་སྨོས་ཀྱང་མི་འཚལ།  བཅོམ་ལྡནའདས་ཀྱིས་བཀའ་སྩལ་པ།

རབ་འབྱོར།  ཁྱོད་མོས་པར་བྱའོ།  ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ།

གངྒཱའི་ཀླུང་དེ་དག་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་

སྐྱེས་པའམ་བུད་མེད་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་

སྦྱིན་པ་བྱིན་ན།  རབ་འབྱོར་འདི་ཇི་སྙམ་དུ་སེམས། སྐྱེས་པའམ་བུད་མེད་དེ་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་སྙམ་མམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་མང་ལགས་སོ།  བདེ་བར་གཤེགས་པ་མང་ལགས་སོ།

སྐྱེས་པའམ་བུད་མེད་དེ་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་པ་ལགས་སོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར། གང་གིས་འཇིག་རྟེན་གྱི་ཁམས་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་

སྦྱིན་པ་བྱིན་པ་བས།  གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་

བཅད་པ་ཙམ་བཟུང་ནས་གཞན་དག་ལ་ཡང་དག་པར་རབ་ཏུ་བཤད་དེ་ཡང་དག་པར་

རབ་ཏུ་བསྟན་ན།  དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་

མེད་པ་བསྐྱེད་དོ།  ཡང་རབ་འབྱོར། ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་

འདོན་ཏམ།  སྟོན་པའི་ས་ཕྱོགས་དེ་ནི་ལྷ་དང༌།  མི་དང༌།  ལྷ་མ་ཡིན་དུ་བཅས་པའི་

འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་པ་ཡིན་ན།

སུ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང༌། འདྲི་བ་དང་།  འཛིན་པ་དང༌།  འཆང་བ་དང་།  ཀློག་པ་དང༌།  ཀུན་ཆུབ་པར་བྱེད་པ་དང༌།  ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ།  ངོ་མཚར་རབ་དང་ལྡན་པར་གྱུར་པ་ལྟ་ཅི་སྨོས་ཏེ།

ས་ཕྱོགས་དེ་ན་སྟོན་པའམ། བླ་མ་ལྟ་བུ་གང་ཡང་རུང་བར་གནས་སོ།

དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།

བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།

འདི་ཇི་ལྟར་གཟུང་བར་བགྱི།  དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།

རབ་འབྱོར། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ།

འདི་དེ་ལྟར་ཟུངས་ཤིག  དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གསུངས་པ་དེ་ཉིད་ ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་ཏེ།  དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།

རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་གང་གསུངས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ། རབ་འབྱོར་གྱིས་གསོལ་བ།  བཅོམ་ལྡན་འདས། དེ་བཞིན་གཤེགས་པས་གང་གསུངས་པའི་ཆོས་དེ་་གང་ཡང་མ་མཆིས་ལགས་སོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར་འདི་ཇི་་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཇི་སྙེད་ཡོད་པ་དེ་མང་བ་

ཡིན་སྙམ་མམ།  རབ་འབྱོར་གྱིས་གསོལ་བ།

བཅོམ་ལྡན་འདས།  སའི་རྡུལ་དེ་མང་ལགས་སོ།

བདེ་བར་གཤེགས་པ་མང་ལགས་སོ།  དེ་ཅིའི་སླད་དུ་ཞེ་ན།  བཅོམ་ལྡན་འདས། སའི་རྡུལ་གང་ལགས་པ་དེ་རྡུལ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་

སླད་དུ་སྟེ།  དེས་ན་སའི་རྡུལ་ཞེས་བགྱིའོ།

འཇིག་རྟེན་གྱི་ཁམས་གང་ལགས་པ་དེ་དག་ཁམས་མ་མཆིས་པར་དེ་བཞིན་གཤེགས་པས་

གསུངས་པའི་སླད་དུ་སྟེ།  དེས་ན་འཇིག་རྟེན་གྱི་ཁམས་ཞེས་བགྱིའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།  རབ་འབྱོར་འདི་ཇི་སྙམ་དུ་སེམས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གིས་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བལྟ་བར་བྱ་སྙམ་མམ། རབ་འབྱོར་གྱིས་གསོལ་བ།  བཅོམ་ལྡན་འདས་དེ་ནི་མ་ལགས་སོ།

དེ་ཅིའི་སླད་དུ་ཞེ་ན།  སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་དག་

དེ་བཞིན་གཤེགས་པས་གསུངས་པ་དེ་དག་མཚན་མ་མ་མཆིས་པར་དེ་བཞིན་གཤེགས་པས་

གསུངས་པའི་སླད་དུ་སྟེ།  དེས་ན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཞེས་བགྱིའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར།

སྐྱེས་པའམ་བུད་མེད་གང་ལ་ལ་ཞིག་གིས་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་བཏང་བ་

བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་

བཅད་པ་ཙམ་བཟུང་སྟེ་གཞན་དག་ལ་ཡང་དག་པར་བསྟན་ན། དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ།

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཆོས་ཀྱི་ཤུགས་ཀྱིས་མཆི་མ་ཕྱུང་སྟེ། དེས་མཆི་མ་ཕྱིས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།

ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་ཇི་སྙེད་པས་གསུངས་པ་ནི།

བཅོམ་ལྡན་འདས།  ངོ་མཚར་ལགས་སོ།  བདེ་བར་གཤེགས་པ།  ངོ་མཚར་ལགས་སོ།

བཅོམ་ལྡན་འདས།  བདག་གིས་ཡེ་ཤེས་སྐྱེས་ཚུན་ཆད་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་

སྔོན་ནམ་ཡང་མ་ཐོས་ལགས་སོ།  དེ་ཅིའི་སླད་དུ་ཞེ་ན།  བཅོམ་ལྡན་འདས།

མདོ་སྡེ་བཤད་པ་འདི་ལ་གང་དག་ཡང་དག་པར་འདུ་ཤེས་བསྐྱེད་པར་འགྱུར་བའི་

སེམས་ཅན་དེ་དག་ནི།  ངོ་མཚར་རབ་དང་ལྡན་པར་འགྱུར་ལགས་སོ།

དེ་ཅིའི་སླད་དུ་ཞེ་ན།  བཅོམ་ལྡན་འདས།  ཡང་དག་པར་འདུ་ཤེས་པ་གང་ལགས་པ་དེ་ཉིད་འདུ་ཤེས་མ་མཆིས་པའི་སླད་དུ་སྟེ། དེས་ན་ཡང་དག་པར་འདུ་ཤེས་ཞེས་དེ་བཞིན་གཤེགས་པས་གསུངས་སོ།

བཅོམ་ལྡན་འདས།  བདག་ནི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ལ་རྟོག་ཅིང་མོས་པ་ནི། བདག་ལ་ངོ་མཚར་མ་ལགས་ཀྱིས།  བཅོམ་ལྡན་འདས། སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་

ལེན་པ་དང༌།  འབྲི་བ་དང་།  འཛིན་པ་དང༌།  འཆང་བ་དང་།  ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དེ་དག་ནི།  ངོ་མཚར་རབ་དང་ལྡན་པར་འགྱུར་ལགས་སོ།

ཡང་བཅོམ་ལྡན་འདས་དེ་དག་ནི།  བདག་ཏུ་འདུ་ཤེས་འཇུག་པར་མི་འགྱུར་ཞིང་། སེམས་ཅན་དུ་འདུ་ཤེས་པ་དང༌།  སྲོག་ཏུ་འདུ་ཤེས་པ་དང༌། གང་ཟག་ཏུ་འདུ་ཤེས་འཇུག་པར་མི་འགྱུར་ལགས་སོ།

དེ་ཅིའི་སླད་དུ་ཞེ་ན།  བཅོམ་ལྡན་འདས།  བདག་ཏུ་འདུ་ཤེས་པ་དང༌། སེམས་ཅན་དུ་འདུ་ཤེས་པ་དང་།  སྲོག་ཏུ་འདུ་ཤེས་པ་དང༌།  གང་ཟག་ཏུ་འདུ་ཤེས་པ་

གང་ལགས་པ་དེ་ཉིད་འདུ་ཤེས་ཐམས་ཅད་དང་བྲལ་བའི་སླད་དུའོ།

དེ་ཅིའི་སླད་དུ་ཞེ་ན།  སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འདུ་ཤེས་ཐམས་ཅད་དང་བྲལ་བའི་སླད་དུའོ།

དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།

རབ་འབྱོར་དེ་དེ་བཞིན་ནོ།  དེ་དེ་བཞིན་ཏེ། སེམས་ཅན་གང་དག་མདོ་སྡེ་འདི་བཤད་པ་ལ་མི་སྐྲག་ཅིང་མི་དངང་ལ་

ཀུན་ཏུ་དངང་བར་མི་འགྱུར་བ་དེ་དག་ནི།  ངོ་མཚར་རབ་དང་ལྡན་པར་འགྱུར་རོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར།  ཕ་རོལ་ཏུ་ཕྱིན་པ་དམ་པ་འདི་ནི། དེ་བཞིན་གཤེགས་པས་གསུངས་ཏེ།  ཕ་རོལ་ཏུ་ཕྱིན་པ་དམ་པ་གང་

དེ་བཞིན་གཤེགས་པས་གསུངས་པ་དེ་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་ཚད་མེདཔ་

རྣམས་ཀྱིས་ཀྱང་གསུངས་པའི་ཕྱིར་ཏེ།  དེས་ན་ཕ་རོལ་ཏུ་ཕྱིན་པ་དམ་པ་ཞེས་བྱའོ།

ཡང་རབ་འབྱོར།  དེ་བཞིན་གཤེགས་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་

དེ་ཉིད་ཕ་རོལ་ཏུ་ཕྱིན་པ་མེད་དོ།  དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། གང་གི་ཚེ་ཀ་ལིངྐའི་རྒྱལ་པོས་ངའི་ཡན་ལག་དང༌།  ཉིང་ལག་རྣམས་བཅད་པར་གྱུར་པ་

དེའི་ཚེ་ང་ལ་བདག་ཏུ་འདུ་ཤེས་སམ།  སེམས་ཅན་དུ་འདུ་ཤེས་སམ།  སྲོག་ཏུ་འདུ་ཤེས་སམ།  གང་ཟག་ཏུ་འདུ་ཤེས་ཀྱང་མ་བྱུང་ཞིང༌།  ང་ལ་འདུ་ཤེས་ཅི་ཡང་མེད་ལ་འདུ་ཤེས་མེད་པར་གྱུར་པ་ཡང་མ་ཡིན་པའི་ཕྱིར་རོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར།  གལ་ཏེ་དེའི་ཚེ་བདག་ཏུ་འདུ་ཤེས་བྱུང་ན།  དེའི་ཚེ་གནོད་སེམས་ཀྱི་འདུ་ཤེས་ཀྱང་འབྱུང་ལ། སེམས་ཅན་དུ་འདུ་ཤེས་པ་དང༌།  སྲོག་ཏུ་འདུ་ཤེས་པ་དང༌།  གང་ཟག་ཏུ་འདུ་ཤེས་པ་བྱུང་ན། དེའི་ཚེ་གནོད་སེམས་ཀྱི་འདུ་ཤེས་ཀྱང་འབྱུང་བའི་ཕྱིར་རོ།

རབ་འབྱོར།  ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་ང་ཚེ་རབས་ལྔ་བརྒྱར་བཟོད་པ་སྨྲ་བ་ཞེས་བྱ་བའི་དྲང་སྲོང་དུ་གྱུར་པ་

དེའི་ཚེ་ན་ཡང་།  ང་ལ་བདག་ཏུ་འདུ་ཤེས་མ་བྱུང༌། སེམས་ཅན་དུ་འདུ་ཤེས་པ་དང༌། སྲོག་ཏུ་འདུ་ཤེས་པ་དང༌།  གང་ཟག་ཏུ་འདུ་ཤེས་པ་མ་བྱུང་ངོ།

རབ་འབྱོར།  དེ་ལྟ་བས་ན།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུ་ཤེས་ ཐམས་ཅད་རྣམ་པར་སྤངས་ཏེ།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།

གཟུགས་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ།

སྒྲ་དང༌།  དྲི་དང༌།  རོ་དང༌།  རེག་བྱ་ལ་མི་གནས་པར་སེམས་བསྐྱེད་པར་བྱའོ །  ཆོས་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ།

ཆོས་མེད་པ་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ།

ཅི་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ།  དེ་ཅིའི་ཕྱིར་ཞེ་ན། གནས་པ་གང་ཡིན་པ་དེ་ཉིད་མི་གནས་པའི་ཕྱིར་ཏེ།

དེ་བས་ན་དེ་བཞིན་གཤེགས་པས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་གང་ལ་ཡང་་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་གསུངས་སོ།

ཡང་རབ་འབྱོར།  བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་

སྦྱིན་པ་ཡོངས་སུ་བཏང་བར་བྱའོ།  སེམས་ཅན་དུ་འདུ་ཤེས་པ་གང་ཡིན་པ་དེ་ཉིད་ཀྱང་

འདུ་ཤེས་མེད་པ་སྟེ། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཅེས་

གང་དག་གསུངས་པའི་སེམས་ཅན་དེ་དག་ཉིད་ཀྱང་མེད་པའོ།  དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། དེ་བཞིན་གཤེགས་པ་ནི། ཡང་དག་པར་གསུང་པ་བདེན་པར་གསུངས་པ། དེ་བཞིན་ཉིད་དུ་གསུངས་བཔ་སྟེ། དེ་བཞིན་གཤེགས་པ་ནི། ལོག་པར་གསུངས་པ་མ་ཡིན་པའི་ཕྱིར་རོ།  ཡང་རབ་འབྱོར།

དེ་བཞིན་གཤེགས་པས་ཆོས་གང་ཡང་མངོན་པར་རྫོགས་པར་

སངས་རྒྱས་པའམ། བསྟན་པ་དེ་ལ་བདེན་པ་ཡང་མེད།  རྫུན་པ་ཡང་མེད་དོ།

རབ་འབྱོར། འདི་ལྟ་སྟེ། དཔེར་ན་མིག་དང་ལྡན་པའི་མི་ཞིག་མུན་པར་ཞུགས་ན་

ཅི་ཡང་མི་མཐོང་བ་དེ་བཞིན་དུ་གང་དངོས་པོར་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་

བྱང་ཆུབ་སེམས་དཔའ་བལྟ་བར་བྱའོ། ཡང་རབ་འབྱོར།  འདི་ལྟ་སྟེ།  དཔེར་ན། ནམ་ལངས་ཏེ་ཉི་མ་ཤར་ནས་མིག་དང་ལྡན་པའི་མིའི་གཟུགས་རྣམ་པ་སྣ་ཚོགས་དག་

མཐོང་བ་དེ་བཞིན་དུ་གང་དངོས་པོར་མ་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་

སེམས་དཔའ་བལྟ་བར་བྱའོ།  ཡང་རབ་འབྱོར།  རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང༌།  འཛིན་པ་དང༌།  འཆང་བ་དང་།  ཀློག་པ་དང༌།  ཀུན་ཆུབ་པར་བྱེད་པ་དང༌།  གཞན་དག་ལ་་རྒྱ་ཆེར་ཡང་དག་པར་

རབ་ཏུ་སྟོན་པ་དེ་དག་ནི། དེ་བཞིན་གཤེགས་པས་མཁྱེན།  དེ་བཞིན་གཤེགས་པས་གཟིགས་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི།  བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ།  ཡང་རབ་འབྱོར།  སྐྱེས་པའམ་བུད་མེད་གང་ཞིག་སྔ་དྲོའི་དུས་ཀྱི་ཚེ་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་

ཡོངས་སུ་གཏོང་ལ།  ཕྱེད་ཀྱི་དུས་དང༌།  ཕྱི་དྲོའི་དུས་ཀྱི་ཚེ་ཡང་ལུས་གངྒཱའི་ཀླུང་གི་

བྱེ་མ་སྙེད་ཡོངས་སུ་གཏོང་སྟེ།  རྣམ་གྲངས་འདི་ལྟ་བུར་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་

དུ་མར་ལུས་ཡོངས་སུ་གཏོང་བ་བས།  གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མི་སྤོང་ན།

དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་ན། གང་གིས་ཡི་གེར་བྲིས་ནས་ལེན་པ་དང༌།  འཛིན་པ་དང༌། འཆང་བ་དང་།  ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌།  གཞན་དག་ལ་་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལྟ་ཅི་སྨོས།  ཡང་རབ་འབྱོར།  ཆོས་ཀྱི་རྣམ་གྲངས་འདི་ནི།  བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་དེ།  འདིའི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པར་བྱའོ།  ཆོསཀྱི་རྣམ་གྲངས་འདི་ནི་ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པའི་

སེམས་ཅན་རྣམས་ཀྱི་དོན་དང་།  ཐེག་པ་ཕུལ་དུ་ཕྱིན་པ་ལ་ཡང་དག་པར་ཞུགས་པའི་

སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པས་གསུངས་སོ།

གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང༌། འཛིན་པ་དང༌།  འཆང་བ་དང་།  ཀློག་པ་དང༌།  ཀུན་ཆུབ་པར་བྱེད་པ་དང༌།  གཞན་དག་ལ་་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི།  དེ་བཞིན་གཤེགས་པས་མཁྱེན།  དེ་བཞིན་གཤེགས་པས་གཟིགས་ཏེ།  སེམས་ཅན་དེ་དག་ཐམས་ཅད་ནི།  བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར།

བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་དང༌།  མཚུངས་པ་མེད་པ་དང༌།

གཞལ་དུ་མེད་པ་དང༌།  ཚད་མེད་པ་དང་ལྡན་པར་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ངའི་བྱང་ཆུབ་ཕྲག་པ་ལ་ཐོགས་པར་འགྱུར་རོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར།

དམན་པ་ལ་མོས་པ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་མི་ནུས་ཏེ། བདག་ཏུ་ལྟ་བ་རྣམས་ཀྱིས་མ་ཡིན།  སེམས་ཅན་དུ་ལྟ་བ་རྣམས་ཀྱིས་མ་ཡིན། སྲོག་ཏུ་ལྟ་བ་རྣམས་ཀྱིས་མ་ཡིན་ཞིང༌།  གང་ཟག་ཏུ་ལྟ་བ་རྣམས་ཀྱིས་མཉན་པ་དང༌། བླང་བ་དང༌།  གཟུང་བ་དང༌།  ཀློག་པ་དང༌།  ཀུན་ཆུབ་པར་བྱེད་མི་ནུས་ཏེ། དེ་ནི་གནས་མེད་པའི་ཕྱིར་རོ།

ཡང་རབ་འབྱོར།  ས་ཕྱོགས་གང་ན་མདོ་སྡེ་འདི་སྟོན་པའི་ས་ཕྱོགས་དེ།  ལྷ་དང༌།  མི་དང༌།  ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་པ་བྱ་བར་འོས་པར་འགྱུར་རོ།

ས་ཕྱོགས་དེ་ཕྱག་བྱ་བར་འོས་པ་དང༌།  བསྐོར་བ་བྱ་བར་འོས་པར་འགྱུར་ཏེ།

ས་ཕྱོགས་དེ་མཆོད་རྟེན་ལྟ་བུར་འགྱུར་རོ།  ཡང་རབ་འབྱོར། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང༌། འཛིན་པ་དང༌།  འཆང་བ་དང་།   ཀློག་པ་དང༌།  ཀུན་ཆུབ་པར་བྱེད་པ་དེ་དག་ནི།

མནར་བར་འགྱུར།  ཤིན་ཏུ་མནར་བར་འགྱུར་རོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། སེམས་ཅན་དེ་དག་ནི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་

སྐྱེ་བར་འགྱུར་བ་གང་དག་བྱས་པ་དེ་དག་ཚེ་འདི་ཉིད་ལ་མནར་བས།

ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་གང་དག་བྱས་པ་དེདག་

བྱང་བར་འགྱུར་ཏེ།  སངས་རྒྱས་ཀྱི་བྱང་ཆུབ་ཀྱང་འཐོབ་པར་འགྱུར་རོ།

རབ་འབྱོར།  ངས་མངོན་པར་ཤེས་ཏེ།  འདས་པའི་དུས་བསྐལ་པ་གྲངས་མེད་པའི་

ཡང་ཆེས་གྲངས་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་མར་མེ་མཛད་ཀྱི་སྔ་རོལ་གྱི་ཡང་ཆེས་སྔ་རོལ་ན།

སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དག་བྱུང་བ་ངས་མཉེས་པར་བྱས་ཏེ། མ་མཉེས་པར་མ་བྱས་ནས་ཐུགས་འབྱུང་བར་་མ་བྱས་ཏེ།  རབ་འབྱོར། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་མཉེས་པར་བྱས་ནས་ཐུགས་བྱུང་བར་མ་བྱས་པ་

གང་ཡིན་པ་དང༌།  ཕྱི་མའི་དུས་ལྔ་བརྒྱ་ཐ་མར་གྱུར་པ་ན།  མདོ་སྡེ་འདི་ལེན་པ་དང༌། འབྲི་བ་དང་། འཛིན་པ་དང༌།  ཀློག་པ་དང༌།  ཀུན་ཆུབ་པར་བྱེད་པ་གང་ཡིན་པ་ལས།

རབ་འབྱོར།  བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མས་བརྒྱའི་ཆར་

ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། གྲངས་དང༌། ཚད་་དང༌། བགྲང་བ་དང༌།  དཔེ་དང༌།  ཟླ་དང༌།  རྒྱུར་ཡང་མི་བཟོད་དོ།

རབ་འབྱོར། གལ་ཏེ་དེའི་ཚེ།  རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་

བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་རབ་ཏུ་འཛིན་པར་འགྱུར་བའི་

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ངས་བརྗོད་ན།

སེམས་ཅན་རྣམས་མྱོས་མྱོས་པོར་འགྱུར་ཞིང་སེམས་འཁྲུགས་པར་འགྱུར་རོ།

ཡང་རབ་འབྱོར།  ཆོས་ཀྱི་རྣམ་གྲངས་འདི་བསམ་གྱིས་མི་ཁྱབ་སྟེ། འདིའི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པར་བྱའོ།

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།

བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས། ཇི་ལྟར་གནས་པར་བགྱི།  ཇི་ལྟར་བསྒྲུབ་པར་བགྱི།  ཇི་ལྟར་སེམས་རབ་ཏུ་གཟུང་བར་བགྱི། དེ་སྐད་ཅེས་གསོལ་བ་དང་།  བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།

རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་འདི་སྙམ་དུ། བདག་གིས་སེམས་ཅན་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་

དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ།

དེ་ལྟར་སེམས་ཅན་ཚད་མེད་པཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་གང་ཡང་

ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་མེད་དོ། སྙམ་དུ་སེམས་བསྐྱེད་པར་བྱའོ།

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་འཇུག་ན། དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་ལ། གང་ཟག་གི་བར་དུ་འདུ་ཤེས་འཇུག་ན་ཡང་།

དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བའི་ཕྱིར་རོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞེས་

བྱ་བའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ།  རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་གང་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་

གང་ཡང་ཡོད་སྙམ་མམ།  དེ་སྐད་ཅེས་བཀའ་སྩལ་པ་དང༌།  བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།

བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་

གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་

པའི་ཆོས་དེ་ཡང་མ་མཆིས་སོ།  དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།

རབ་འབྱོར། དེ་དེ་བཞིན་ནོ།  དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་

གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་དོ།

རབ་འབྱོར། གལ་ཏེ་དེ་བཞིན་གཤེགས་པས་གང་མངོན་པར་རྫོགས་པར་སངས་རྒྱས་པའི་

ཆོས་དེ་འགའ་ཞིག་ཡོད་པར་གྱུར་ན།  དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་བྲམ་ཟེའི་ཁྱེའུ།  ཁྱོད་མ་འོངས་པའི་དུས་ན།  དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་

ཞེས་བྱ་བར་འགྱུར་རོ་ཞེས་ལུང་མི་སྟོན་པ་ཞིག་ན།

རབ་འབྱོར། འདི་ལྟར་དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་པས། དེའི་ཕྱིར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་བྲམ་ཟེའི་ཁྱེའུ།

ཁྱོད་མ་འོངས་པའི་དུས་ན།  དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར།  དེ་བཞིན་གཤེགས་པ་ཞེས་བྱ་བ་ནི།

ཡང་དག་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་ཡིན་པའི་ཕྱིར་རོ།

ཡང་རབ་འབྱོར། གང་ལ་ལ་ཞིག་འདི་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

རྫོགས་པར་སངས་རྒྱས་སོ་ཞེས་ཟེར་ན། དེ་ལོག་པར་སྨྲ་བ་ཡིན་ནོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར།  དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་་སངས་་རྒྱས་པའི་ཆོས་དེ་གང་ཡང་མེད་པའི་

ཕྱིར་རོ།  རབ་འབྱོར།  དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་པའམ།

བསྟན་པ་དེ་ལ་བདེན་པ་ཡང་མེད།  རྫུན་པ་ཡང་མེད་དོ།

དེ་བས་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཞེས་གསུངས་སོ།

རབ་འབྱོར།  ཆོས་ཐམས་ཅད་ཅེས་བྱ་བ་ནི།  དེ་དག་ཐམས་ཅད་ཆོས་མེད་པ་ཡིན་ཏེ། དེས་ན་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཞེས་བྱའོ།

རབ་འབྱོར།  འདི་ལྟ་སྟེ།  དཔེར་ན། སྐྱེས་བུ་ཞིག་མིའི་ལུས་དང་ལྡན་ཞིང་ལུས་ཆེན་པོར་གྱུར་པ་བཞིན་ནོ།

ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་བ།  བཅོམ་ལྡན་འདས། དེ་བཞིན་གཤེགས་པས་སྐྱེས་བུ་མིའི་ལུས་དང་ལྡན་ཞིང་ལུས་ཆེན་པོ་ཞེས་གང་གསུངས་པ་དེ། དེ་བཞིན་གཤེགས་པས་ལུས་མ་མཆིས་པར་གསུངས་ཏེ།

དེས་ན་ལུས་དང་ལྡན་ཞིང་ལུས་ཆེན་པོ་ཞེས་བགྱིའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར།  དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ།

བྱང་ཆུབ་སེམས་དཔའ་གང་འདི་སྐད་དུ། བདག་གིས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་ཟེར་ན། དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ།  དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གང་ཡང་ཡོད་སྙམ་མམ།

རབ་འབྱོར་གྱིས་གསོལ་པ།  བཅོམ་ལྡན་འདས།  དེ་ནི་མ་ལགས་སོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར།  དེ་བས་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི།

སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པའོ་ཞེས་གསུངས་ངོ།

ཡང་རབ་འབྱོར།  བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྐད་དུ། བདག་གིས་ཞིང་བཀོད་པ་རྣམས་བསྒྲུབ་བོ་ཞེས་ཟེར་ན།  དེ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཞིང་བཀོད་པ་རྣམས་ཞིང་བཀོད་པ་རྣམས་ཞེས་བྱ་བ་ནི། དེ་དག་བཀོད་པ་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ།

དེས་ན་ཞིང་བཀོད་པ་རྣམས་ཞེས་བྱའོ།

རབ་འབྱོར། བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྐད་དུ།

ཆོས་རྣམས་ནི། བདག་མེད་པའོ།

ཆོས་རྣམས་ནི། བདག་མེད་པའོ་ཞེས་མོས་པ་དེ་ནི།  དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་

བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ།

རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཤའི་སྤྱན་མངའ་སྙམ་མམ། རབ་འབྱོར་གྱིས་གསོལ་པ།  བཅོམ་ལྡན་འདས།  དེ་དེ་ལྟར་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཤའི་སྤྱན་མངའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ལྷའི་སྤྱན་མངའ་སྙམ་མམ།  རབ་འབྱོར་གྱིས་གསོལ་པ།

བཅོམ་ལྡན་འདས།  དེ་དེ་ལྟར་ལགས་ཏེ།  དེ་བཞིན་གཤེགས་པ་ལ་ལྷའི་སྤྱན་མངའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་སྤྱན་མངའ་སྙམ་མམ།  རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་དེ་ལྟར་ལགས་ཏེ།  དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་སྤྱན་མངའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྤྱན་མངའ་སྙམ་མམ།  རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས།  དེ་དེ་ལྟར་ལགས་ཏེ།  དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྤྱན་མངའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་སྤྱན་མངའམ།  རབ་འབྱོར་གྱིས་གསོལ་པ།

བཅོམ་ལྡན་འདས། དེ་དེ་ལྟར་ལགས་ཏེ། དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་སྤྱན་མངའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས།  གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་གངྒཱའི་ཀླུང་ཡང་དེ་སྙེད་ཁོ་ནར་གྱུར་ལ།  དེ་དག་གི་བྱེ་མ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གྱུར་ན། འཇིག་རྟེན་གྱི་ཁམས་དེ་དག་ཅི་མང་བ་ཡིན་སྙམ་མམ།  རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས།  དེ་དེ་ལྟར་ལགས་ཏེ།  འཇིག་རྟེན་གྱི་ཁམས་དེ་དག་མང་ལགས་སོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གི་བསམ་པ་ཐ་དད་པའི་

སེམས་ཀྱི་རྒྱུན་ངས་རབ་ཏུ་ཤེས་སོ།  དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། སེམས་ཀྱི་རྒྱུན་སེམས་ཀྱི་རྒྱུན་ཞེས་བྱ་བ་ནི།  དེ་རྒྱུན་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ།

དེས་ན་སེམས་ཀྱི་རྒྱུན་ཞེས་བྱའོ།  དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར།  འདས་པའི་སེམས་ཀྱང་དམིགས་སུ་མེད། མ་འོངས་པའི་སེམས་ཀྱང་དམིགས་སུ་མེད།  ད་ལྟར་བྱུང་བའི་སེམས་ཀྱང་དམིགས་སུ་མེད་པའི་ཕྱིར་རོ།

རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་

རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ་སྦྱིན་པ་བྱིན་ན།  རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ།  བཅོམ་ལྡན་འདས་མང་ལགས་སོ།

བདེ་བར་གཤེགས་པ་མང་ལགས་སོ།  བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར།  དེ་དེ་བཞིན་ནོ།  དེ་དེ་བཞིན་ཏེ།

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་དོ།

ཡང་རབ་འབྱོར།  གལ་ཏེ་བསོད་ནམས་ཀྱི་ཕུང་པོ་བསོད་ནམས་ཀྱི་ཕུང་པོར་གྱུར་ན།

བསོད་ནམས་ཀྱི་ཕུང་པོ་བསོད་ནམས་ཀྱི་ཕུང་པོ་ཞེས་དེ་བཞིན་གཤེགས་པས་མི་གསུང་ངོ།

རབ་འབྱོར་འདི་ཇི་སྙམ་དུ་སེམས།  གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་དེ་བཞིན་གཤེགས་པར་བལྟ་བར་བྱ་སྙམ་མམ། རབ་འབྱོར་གྱིས་གསོལ་པ།  བཅོམ་ལྡན་འདས།  དེ་ནི་མ་ལགས་་སོ། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་དེ་བཞིན་གཤེགས་པར་བལྟ་བར་མི་བགྱི་ལགས་སོ།

དེ་ཅིའི་སླད་དུ་ཞེ་ན།  བཅོམ་ལྡན་འདས།  གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་ཞེས་བགྱི་བ་ནི། དེ་ཡོངས་སུ་གྲུབ་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ།

དེས་ན་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་ཞེས་བགྱིའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས།  དེ་བཞིན་གཤེགས་པར་བལྟ་བར་བྱ་སྙམ་མམ། རབ་འབྱོར་གྱིས་གསོལ་པ།  བཅོམ་ལྡན་འདས།  དེ་ནི་མ་ལགས་སོ།

མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་མི་བལྟ་བར་མི་བགྱི་ལགས་སོ།

དེ་ཅིའི་སླད་དུ་ཞེ་ན།  དེ་བཞིན་གཤེགས་པས་མཚན་ཕུན་སུམ་ཚོགས་པ་གང་

གསུངས་པ་དེ།  མཚན་ཕུན་སུམ་ཚོགས་པ་མ་མཆིས་པར་དེ་བཞིན་གཤེགས་པས་

གསུངས་པའི་སླད་དུ་སྟེ།  དེས་ན་མཚན་ཕུན་སུམ་ཚོགས་པ་ཞེས་བགྱིའོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་ཆོས་བསྟན་ཏོ་ཞེས་དགོངས་སོ་སྙམ་ན།

རབ་འབྱོར། དེ་དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པས་གང་བསྟན་པའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ།

རབ་འབྱོར།  སུ་ཞིག་འདི་སྐད་དུ།  དེ་བཞིན་གཤེགས་པས་ཆོས་བསྟན་ཏོ་ཞེས་ཟེར་ན།

རབ་འབྱོར།  དེ་ནི་མེད་པ་དང༌།  ལོག་པར་ཟིན་པས་ང་ལ་སྐུར་བར་འགྱུར་རོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར།  ཆོས་བསྟན་པ་ཞེས་བྱ་བ་ནི།

གང་ཆོས་བསྟན་པ་ཆོས་བསྟན་པ་ཞེས་བྱ་བར་དམིགས་པར་འགྱུར་བའི་ཆོས་དེ།

གང་ཡང་མེད་པའི་ཕྱིར་རོ།

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།

བཅོམ་ལྡན་འདས།  མ་འོངས་པའི་དུས་ན་སེམས་ཅན་གང་དག་འདི་ལྟ་བུའི་ཆོས་བཤད་པ་

འདི་ཐོས་ནས་མངོན་པར་ཡིད་ཆེས་པར་འགྱུར་བ་འབྱུང་བ་ལྟ་མཆིས་ལགས་སམ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར།  དེ་དག་ནི་སེམས་ཅན་ཡང་མ་ཡིན། སེམས་ཅན་མེད་པ་ཡང་མ་ཡིན་ནོ།  དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། སེམས་ཅན་རྣམས་ཞེས་བྱ་བ་ནི།  དེ་བཞིན་གཤེགས་པས་དེ་དག་སེམས་ཅན་མེད་པར་

གསུངས་པའི་ཕྱིར་ཏེ།  དེ་བས་ན་སེམས་ཅན་རྣམས་ཞེས་བྱའོ།

རབ་འབྱོར་འདི་ཇི་སྙམ་དུ་སེམས།

དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་

པར་སངས་རྒྱས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ།

ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ།  བཅོམ་ལྡན་འདས། དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མ་མཆིས་ལགས་སོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར།  དེ་དེ་བཞིན་ནོ།  དེ་དེ་བཞིན་ཏེ།

དེ་ལ་ཆོས་ཅུང་ཟད་ཀྱང་མེད་ཅིང་མི་དམིགས་ཏེ།

དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ།

ཡང་རབ་འབྱོར། ཆོས་དེ་ནི་མཉམ་པ་སྟེ། དེ་ལ་མི་མཉམ་པ་དང་མཉམ་པ་་གང་ཡང་་

མེད་པས། དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི། བདག་མེད་པ་དང༌།

སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌།  གང་ཟག་མེད་པར་མཉམ་པ་སྟེ། དགེ་བའི་ཆོས་ཐམས་ཅད་ཀྱིས་མངོན་པར་རྫོགས་པར་་སངས་རྒྱས་སོ།

རབ་འབྱོར། དགེ་བའི་ཆོས་རྣམས་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི། དེ་དག་དེ་བཞིན་གཤེགས་པས་ཆོས་མེད་པ་ཉིད་དུ་གསུངས་ཏེ། དེས་ན་དགེ་བའི་ཆོས་རྣམས་ཞེས་བྱའོ།

ཡང་རབ་འབྱོར། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རིའི་རྒྱལ་པོ་རི་རབ་དག་

ཇི་སྙེད་ཡོད་པ་དེ་ཙམ་གྱི་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་མངོན་པར་བསྡུས་ཏེ་

སྦྱིན་པ་བྱིན་པ་བས། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་

ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་བཟུང་ནས་

གཞན་དག་ལ་ཡང་་དག་པར་བསྟན་ན། རབ་འབྱོར། བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་

བརྒྱའི་ཆར་ཡང་ཉེ་བར་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ།

རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འདི་སྙམ་དུ། ངས་སེམས་ཅན་རྣམས་དཀྲོལ་ལོ་ཞེས་དགོངས་སོ་སྙམ་ན།

རབ་འབྱོར། དེ་དེ་ལྟར་མི་བལྟའོ།  དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། དེ་བཞིན་གཤེགས་པས་གང་བཀྲོལ་བའི་སེམས་ཅན་གང་ཡང་མེད་པའི་ཕྱིར་རོ།

རབ་འབྱོར། གལ་ཏེ་དེ་བཞིན་གཤེགས་པས་སེམས་ཅན་གང་ལ་ལ་ཞིག་བཀྲོལ་བར་གྱུར་ན། དེ་ཉིད་དེ་བཞིན་གཤེགས་པའི་བདག་ཏུ་འཛིན་པར་འགྱུར།  སེམས་ཅན་དུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌།  གང་ཟག་ཏུ་འཛིན་པར་འགྱུར་རོ།  རབ་འབྱོར།  བདག་ཏུ་འཛིན་ཅེས་བྱ་བ་ནི།  འཛིན་པ་མེད་པར་དེ་བཞིན་གཤེགས་པས་གསུངས་ན། དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཟུང་ངོ།

རབ་འབྱོར།  བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་བ་ནི། དེ་དག་སྐྱེ་བོ་མེད་པ་ཉིད་དུ་

དེ་བཞིན་གཤེགས་པས་གསུངས་ཏེ།  དེས་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱའོ།

རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་

བལྟ་བར་བྱ་སྙམ་མམ། རབ་འབྱོར་གྱིས་གསོལ་པ།  བཅོམ་ལྡན་འདས།  དེ་ནི་མ་ལགས་སོ། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་མི་བགྱི་ལགས་སོ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར།  དེ་དེ་བཞིན་ནོ།  དེ་དེ་བཞིན་ཏེ།

མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་མི་བྱ་སྟེ།

རབ་འབྱོར། གལ་ཏེ་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་གྱུར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་ཏེ།
དེ་བས་ན་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་མི་བྱའོ།

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།

བཅོམ་ལྡན་འདས། བདག་གིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་མི་བགྱི་ལགས་སོ།

དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།

གང་དག་ང་ལ་གཟུགས་སུ་མཐོང༌།  གང་དག་ང་ལ་སྒྲར་ཤེས་པ།

ལོག་པའི་ལམ་དུ་ཞུགས་པ་སྟེ།  སྐྱེ་བོ་དེ་དག་ང་མི་མཐོང༌།

སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ།  འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ།

ཆོས་ཉིད་ཤེས་པར་བྱ་མིན་པས།  དེ་ནི་རྣམ་པར་ཤེས་མི་ནུས།

རབ་འབྱོར་འདི་ཇི་སྙམ་དུ་སེམས།  མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ར་རྫོགས་པའི་

སངས་རྒྱས་སོ་སྙམ་དུ་འཛིན་ན། རབ་འབྱོར།  ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱ་སྟེ།

རབ་འབྱོར།  མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མེད་དོ།

རབ་འབྱོར། ཁྱོད་འདི་སྙམ་དུ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་

རྣམས་ཀྱིས་ཆོས་གང་ལ་ལ་ཞིག་རྣམ་པར་བཤིག་པའམ།

ཆད་པར་བཏགས་པ འོ་སྙམ་དུ་འཛིན་ན། རབ་འབྱོར།  དེ་ལྟར་བལྟ་བར་མི་བྱ་སྟེ།

བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་

ཆོས་གང་ཡང་རྣམ་པར་བཤིག་པའམ། ཆད་པར་བཏགས་པ་མེད་དོ།

ཡང་རབ་འབྱོར།  རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་འཇིག་རྟེན་གྱི་ཁམས་

གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་

སྦྱིན་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་

བདག་མེད་ཅིང་སྐྱེ་བ་མེད་པར་བཟོད་པ་ཐོབ་ན།  དེ་ཉིད་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ།ཡང་རབ་འབྱོར། བྱང་ཆུབ་སེམས་དཔས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་

གཟུང་བར་མི་བྱའོ།  ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ།  བཅོམ་ལྡན་འདས། བྱང་ཆུབ་སེམས་དཔས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་གཟུང་བར་མི་བགྱི་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར། ཡོངས་སུ་གཟུང་མོད་ཀྱི་ལོག་པར་མི་གཟུང་སྟེ།  དེས་ན་ཡོངས་སུ་གཟུང་བ་ཞེས་བྱའོ།

ཡང་རབ་འབྱོར།  གང་ལ་ལ་ཞིག་འདི་སྐད་དུ།

དེ་བཞིན་གཤེགས་པ་བཞུད་དམ།  བྱོན་ཏམ།  བཞེངས་སམ།  བཞུགས་སམ། མནལ་བར་མཛད་དོ་ཞེས་དེ་སྐད་ཟེར་ན།

དེ་ཡིས་ངས་བཤད་པའི་དོན་མི་ཤེས་སོ།  དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི།  གར་ཡང་མ་བཞུད་གང་ནས་ཀྱང་མ་བྱོན་པའི་ཕྱིར་ཏེ།

དེས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ།

ཡང་རབ་འབྱོར།  རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་རྣམས་ཇི་སྙེད་ཡོད་པ་

དེ་དག་འདི་ལྟ་སྟེ། དཔེར་ན།  རྡུལ་ཕྲ་རབ་ཀྱི་ཚོགས་བཞིན་དུ་ཕྱེ་མར་བྱས་ན།

རབ་འབྱོར།  འདི་ཅི་སྙམ་དུ་སེམས།  རྡུལ་ཕྲ་རབ་ཀྱི་ཚོགས་དེ་མང་བ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ།  བཅོམ་ལྡན་འདས།  དེ་དེ་ལྟར་ལགས་ཏེ། རྡུལ་ཕྲ་རབ་ཀྱི་ཚོགས་དེ་མང་བ་ལགས་སོ།  དེ་ཅིའི་སླད་དུ་ཞེ་ན།  བཅོམ་ལྡན་འདས། གལ་ཏེ་རྡུལ་ཕྲ་རབ་ཀྱི་ཚོགས་ཤིག་མཆིས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བཀའ་མི་སྩོལ་བའི་སླད་དུའོ།

དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་གང་གསུངས་པ་དེ་

ཚོགས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ།

དེས་ན་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བགྱིའོ།

དེ་བཞིན་གཤེགས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་གང་

གསུངས་པ་དེ་ཁམས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ།

དེས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བགྱིའོ།

དེ་ཅིའི་སླད་དུ་ཞེ་ན།  བཅོམ་ལྡན་འདས།

གལ་ཏེ་འཇིག་རྟེན་གྱི་ཁམས་ཤིག་མཆིས་པར་གྱུར་ན། དེ་ཉིད་རིལ་པོར་འཛིན་པར་འགྱུར་བའི་སླད་དུའོ།

དེ་བཞིན་གཤེགས་པས་རིལ་པོར་འཛིན་པར་གང་གསུངས་པ་དེ། འཛིན་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ།

དེས་ན་རིལ་པོར་འཛིན་པ་ཞེས་བགྱིའོ།  བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར།  རིལ་པོར་འཛིན་པ་ཉིད་ནི། ཐ་སྙད་དེ།  ཆོས་དེ་ནི།  བརྗོད་དུ་མེད་པ་ཡིན་ནོ། དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཟུང་ངོ།

རབ་འབྱོར།  གང་ལ་ལ་ཞིག་འདི་སྐད་དུ།  དེ་བཞིན་གཤེགས་པས་བདག་ཏུ་ལྟ་བར་གསུངས༌། དེ་བཞིན་གཤེགས་པས་སེམས་ཅན་དུ་ལྟ་བ་དང༌།  སྲོག་ཏུ་ལྟ་བ་དང༌། གང་ཟག་ཏུ་ལྟ་བར་གསུངས་སོ་ཞེས་ཟེར་ན།  དེ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནམ།

རབ་འབྱོར་གྱིས་གསོལ་པ།  བཅོམ་ལྡན་འདས།  དེ་ནི་མ་ལགས་སོ།  བདེ་བར་གཤེགས་པ།  དེ་ནི་མ་ལགས་སོ།  དེ་ཅིའི་སླད་དུ་ཞེ་ན།  བཅོམ་ལྡན་འདས།

དེ་བཞིན་གཤེགས་པས་བདག་ཏུ་ལྟ་བར་གང་གསུངས་པ་དེ་ནི།

ལྟ་བ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ།

དེས་ན་བདག་ཏུ་ལྟ་བ་ཞེས་བགྱིའོ།  བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་

འདི་ལྟར་ཆོས་ཐམས་ཅད་ཤེས་པར་བྱ།  ལྟ་བར་བྱ།  མོས་པར་བྱ་སྟེ། ཅི་ནས་ཆོས་སུ་འདུ་ཤེས་པ་ལ་ཡང་མི་གནས་པ་ཤེས་པར་བྱའོ།

དེ་ཅིའི་ཕྱིར་ཞེ་ན།  རབ་འབྱོར།  ཆོས་སུ་འདུ་ཤེས་ཆོས་སུ་འདུ་ཤེས་ཞེས་བྱ་བ་ནི། དེ་འདུ་ཤེས་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ།

དེས་ན་ཆོས་སུ་འདུ་ཤེས་ཆོས་སུ་འདུ་ཤེས་ཞེས་བྱའོ།

ཡང་རབ་འབྱོར།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་

འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་ཅིང་གྲངས་མེད་པ་དག་རིན་པོ་ཆེ་སྣ་བདུན་གྱིས་

རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་པ་བས།

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་

ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བྲིས་ནས་འཛིན་ཏམ།  འཆང་ངམ།

ཀློག་གམ།  ཀུན་ཆུབ་པར་བྱེད་དམ།  གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་

རབ་ཏུ་སྟོན་ན།  དེ་ཉིད་གཞི་དེ་ལས་བསོད་ནམས་མང་དུ་གྲངས་མེད་དཔག་ཏུ་མེད་པ་

བསྐྱེད་དོ།  ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེ་ན།

ཇི་ལྟར་ཡང་དག་པར་རབ་ཏུ་མི་སྟོན་པ་དེ་བཞིན་དུ་ཡང་དག་པར་རབ་ཏུ་སྟོན་པ་སྟེ། དེས་ན་ཡང་དག་པར་རབ་ཏུ་སྟོན་པ་ཞེས་བྱའོ།

སྐར་མ་རབ་རིབ་མར་མེ་དང༌།  སྒྱུ་མ་ཟིལ་བ་ཆུ་བུར་དང༌།

རྨི་ལམ་གློག་དང་སྤྲིན་ལྟ་བུར།  འདུས་བྱས་ཐམས་ཅད་དེ་ལྟར་ལྟ།

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནས་བརྟན་རབ་འབྱོར་དང༌།

དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང༌། འཁོར་བཞི་པོ་དགེ་སློང་དང༌།  དགེ་སློང་མ་དང༌། དགེ་བསྙེན་དང༌།  དགེ་བསྙེན་མ་དེ་དག་དང༌།  ལྷ་དང༌།  མི་དང༌།  ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ།

བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།

Advertisements
Explore posts in the same categories: ནང་ཆོས་དང་འབྲེལ་ཡོད་སྐོར།

Tags: , , , ,

You can comment below, or link to this permanent URL from your own site.

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s


%d bloggers like this: